༄༅། །མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་ངོ་སྤྲོད་མདོར་བསྡུས། མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་འདི་ཉིད་སྤྱི་ལོ་ ༢༠༢༢ ཟླ་༡༢ ཚེས་ ༡༧ སྔོན་དུ་ཨ་མི་རི་ཀ་སེར་བྱེས་ནང་པའི་དགོན་པ་ཞེས་པ་ཞིག་ཡོད་ཀྱང་། གཏན་གནས་ཀྱི་ཁང་པ་དང་། གཏན་སྡོད་ཀྱི་གྲྭ་བ་དངོས་སུ་བྱུང་མེད།
འོན་ཀྱང་སྤྱི་ལོ་ ༢༠༢༢ ཟླ་༡༢ ཚེས་ ༡༢ ཉིན་མི་ནི་སོ་ཊ་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་འདི་ཉིད་དངོས་སུ་འཛུགས་ཐུབ་པ་བྱུང་ཡོད། རིག་གཞུང་བསྟི་གནས་ཁང་འདི་ཉིད་གདན་ས་སེར་འབྲས་དགའ་གསུམ་ལ་གྲྭ་ཚང་དྲུག་ཡོད་པའི་ནང་ནས་འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་ཞེས་ཡོངས་སུ་གྲགས་པའི་གྲྭ་ཚང་དེ་ཉིད་ཀྱི་ཡན་ལག་རིག་གཞུང་བསྟི་གནས་ཁང་ཞིག་ཡིན། འཛིན་སྐྱོང་ཐད་གཏན་སྡོད་ཀྱི་དགེ་བཤེས་ལས་བྱེད་སོགས་གྲྭ་ཚང་གི་སྟངས་འཛིན་འོག་ཏུ་སྐྱོད་དགོས་པ་མ་ཟད། ལོ་ལྟར་བྱུང་སོང་རྩིས་ཁྲ་ཡང་གྲྭ་ཚང་ལ་འབུལ་དགོས། རིག་གཞུང་བསྟི་གནས་ཁང་འདིའི་དམིགས་ཡུལ་གཙོ་བོ་༧ གོང་ས་༧ སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་དགོངས་བཞིན། བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོའི་ཆེད་དུའོ། དེ་ཇི་ལྟར་ཞེ་ན། ཕྱི་སྡོད་བོད་པ་རྣམས་ལ་ཆོས་དང་རིག་གཞུང་གི་སློབ་ཁྲིད་དང་། མི་རིགས་ཀྱི་རིག་གཞུང་དང་འབྲེལ་བའི་དུས་མཆོད་ཀྱི་མཛད་རིམ་སོགས་འགྲོ་བཞིན་ཡོད། ད་དུང་བོད་པའི་ཆོས་དང་རིག་གཞུང་ཐོག་ནས་མི་རིགས་གཞན་གྱི་དགོས་མཁོ་ལ་གཞིགས་ཏེ་སློབ་ཁྲིད་ཀྱི་ལས་འཆར་ཡང་ལས་གཞི་འདིའི་ནང་དུ་འདུས་ཡོད།